top of page
Banner

༄༅།། གུས་པར་འོས་པའི་ནང་ཆོས་ལ་སྤྲོ་བ་དང་དོན་གཉེར་ཡོད་མཁན་གྱི་ཆོས་གྲོགས་ཕོ་མོ་ཡོངས་ལ་ཐོག་མར་སྐུ་ཁམས་བཟང་ཞུ་རྒྱུ་དང་སྦྲགས།

ལྷན་རྒྱས་ཁེ་ནཱ་ཌ་ཊོ་རོན་ཊོ་དགའ་བྱང་རྡོ་ར་སྤྱན་རས་གཟིིགས་ཆོས་ཚོགས་ནང་པའི་བྱམས་སྙིང་རྗེ་དང་ཤེས་རབ་སྒོམ་སྒྲུབ་སློབ་གླིང་ནང་ཕེབས་པར་དགའ་བསུ་ཞུ།

ནང་པའི་ཆོས་ཚོགས་ཀྱི་སློབ་གླིང་འདི་{༢༠༢༢} ལོར་གུས་པར་འོས་པའི་ནང་ཆོས་ལ་སྤྲོ་བ་དང་དོན་གཉེར་ཡོད་མཁན་གྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་པ་མི་ཉུང་བ་ཞིག་གིས་དཀའ་ངལ་འཛེམ་མེད་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག་ང་ཚོས་ཆོས་ཚོགས་འདི་གསར་དུ་བསྐྲུན་ནས་གྲུབ་པ་ཞིག་ཡིན།

དགའ་བྱང་རྡོ་ར་སྤྱན་རས་གཟིགས་ཆོས་ཚོགས་ནང་པའི་བྱམས་སྙིང་རྗེ་དང་ཤེས་རབ་སྒོམ་སྒྲུབ་སློབ་གླིང་འདི་ནི་མཆོག་སྤྲུལ་རྒྱ་མཚོ་མཁས་མཆོག་རིན་པོ་ཆེ་མཆོག་དང་ཕྱག་རོགས་དགེ་བཤེས་ལྷ་རམས་པ་ཚུལ་ཁྲིམས་རིན་ཆེན་གཉིས་ནས་གཙོ་སྐྱོང་དང་ནང་ཆོས་ངོ་སྤྲོད་སྒོམ་སྒྲུབ་སློབ་ཁྲིད་ཀྱི་དགེ་རྒན་གཙོ་བོ་གནང་གི་ཡོད།

ནང་ཆོས་ལ་སྤྲོ་བ་དང་དོན་གཉེར་གྱི་འདུན་པ་ཡོད་མཁན་གྱི་སློབ་མ་རྣམས་ལ་ཐོག་མར་ནང་ཆོས་ཀྱི་རྨང་གཞིའི་ཐོག་ནས་ནང་ཆོས་ངོ་སྤྲོད་དང་སློབ་ཁྲིད་དང་། དེ་ནས་རིམ་པས་ནང་ཆོས་ནས་ཐོས་བསམ་སྒོམ་གསུམ་གྱི་སློབ་ཁྲིད་དང་སློབ་མ་ཡོངས་ལ་སྒོམ་སྒྲུབ་གྱི་སློབ་ཁྲིད་གནང་ནས་ཁོ་ཚོར་སྒོམ་སྒྲུབ་བྱེད་དུ་བཅུག་གི་ཡོད།

རྒྱུན་དུ་ཆོས་ཚོགས་ཀྱི་སློབ་མ་ཡོངས་ནས་ཚོགས་གསོག་སྒྲིབ་སྦྱོང་དང་། ཆོས་འཆད་ཉན་གྱི་སྐབས་སུ་གདོན་བགེགས་བར་ཆད་ཞི་བ་དང་ཚེ་བསོད་ལོངས་སྤྱོད་རྒྱས་པ་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་ཆེད་དུ། ཆོས་ཚོགས་ནང་ཞབས་རིམ་བླ་མ་མཆོད་པའི་ཚོགས་འཁོར་དང་། སྒྲོལ་མ་གསོག་སྒྲུབ་དང་སྒྲོལ་མས་ཚོགས་འཁོར། སྨན་ལྷའི་ཆོ་ག་དང་སྨན་ལྷའི་ཚོགས་འཁོར། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་སྔགས་གསོག་སྒྲུབ་བྱས་ནས་འགྲོ་བ་སེམས་ཅན་ཡོངས་ཀྱི་ལུས་སེམས་བདེ་ཐང་ཡོང་བའི་ཆེད་དུ་ཞབས་རིམ་རིམ་པ་བཞིན་སྒྲུབ་གནང་གི་ཡོད།

དེ་ནས་ཆོས་ཚོགས་ནང་སྤྲུལ་སྐུ་རྒྱ་མཚོ་མཁས་མཆོག་རིན་པོ་ཆེ་མཆོག་ནས་ནང་ཆོས་ལ་སྤྲོ་བ་དང་དོན་གཉེར་ཡོད་མཁན་གྱི་བོད་རིགས་དང་རྒྱ་རིགས་དེ་མིན་མི་རིགས་འདྲ་མིན་གྱི་སློབ་མ་རྣམ་པ་དང་ཆོས་གྲོགས་ཕོ་མོ་ཡོངས་ལ་བོད་རྒྱ་གཉིས་ཀྱི་སྐད་ཡིག་གི་ཐོག་ནས་ནང་ཆོས་ངོ་སྤྲོད་དང་སྒོམ་སྒྲུབ་གྱི་རིམ་པར་སློབ་ཁྲིད་གནང་ནས་ནང་པའི་གཞུང་ནས་གསུངས་པའི་མིའི་རིགས་ལ་ལུས་སེམས་ཀྱི་བདེ་སྐྱིད་དང་ཞི་བདེ་ཡོང་ཐབས་བྱེད་རྒྱུ་དང་། འགྲོ་བ་མིའི་རིགས་ཀྱི་ལུས་སེམས་ལ་བདེ་སྐྱིད་བྱུང་ན་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དོན་དམ་པའི་བདེ་སྐྱིད་ཡང་དག་པ་ཞིག་བསྐྲུན་ཐུབ་པའི་ཡི་ཆེས་དང་། དམིགས་ཡུལ་གཙོ་བོ་བཟུང་སྟེ་ཆོས་ཚོགས་ནས། ནང་ཆོས་ཀྱི་བྱམས་སྙིང་རྗེ་དང་ཤེས་རབ་སྒོམ་སྒྲུབ་ཀྱི་སློབ་ཁྲིད་གནང་རྒྱུ་ཡིན།

དེར་བརྟེན་ཆོས་ཚོགས་ནས་ནང་ཆོས་སློབ་ཁྲིད་ཀྱི་རིམ་པ་དག་འཆར་གཞི་བཞིན་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་རིམ་པ་མི་འདྲ་བ་གསུམ་དུ་ཕྱེ་ནས་ནང་ཆོས་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་མ་རྣམས་རང་རང་གི་འདོད་པ་དང་ཤེས་ཚད་ལྟར་ནང་པ་སངས་རྒྱས་པའི་ལྟ་བ་དང་གྲུབ་མཐའ་ཆོས་ཀྱི་གནས་ལུགས་ངོ་མ་སོགས་སྒོམ་སྒྲུབ་སློབ་སྦྱོང་བྱེད་ཆོག་གི་ཡོད།

དགའ་བྱང་རྡོ་ར་སྤྱན་རས་གཟིགས་ཆོས་ཚོགས་ནང་པའི་བྱམས་སྙིང་རྗེ་དང་ཤེས་རབ་སྒོམ་སྒྲུབ་སློབ་གླིང་འདིའི་ནང་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ལྟ་བ་དང་གྲུབ་མཐའ་རྨང་གཞི་རིགས་པའི་གཞུང་ལུགས་ལ་གཞི་བཅོལ་ཏེ་སློབ་སྦྱོང་དང་སྒོམ་སྒྲུབ་ཀྱི་ཞབས་ཞུའི་རིགས་ལོངས་སུ་སྤྱོད་རྒྱུ་ཡོད། 

སྤྱིར་དུས་རབས་ཉེར་གཅིག་པའི་དུས་རབས་འདིར་ནི་ཚན་རིག་གྱི་ནུས་ཤུགས་གོང་འཕེལ་དུ་འགྲོ་བཞིན་པའི་དུས་རབས་ཤིག་ཡིན་མོད། འོན་ཀྱང་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་དཀའ་ངལ་དང་སྡུག་བསྔལ། སྐྱོ་གདུང་གྱི་གནོད་འཚེ་སོགས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་དེ་དག་དོན་དངོས་ཐོག་སྡུག་བསྔལ་དང་དཀའ་ངལ་མང་པོ་ཞིག་ནི་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་ཆེད་མངག་གི་བཟོས་པའི་བྱ་ངན་དང་སྤྱོད་ངན་གྱི་མཇུག་འབྲས་ངན་པ་ཁོ་ན་ལ་བརྟེན་ནས་དཀའ་ངལ་དང་སྡུག་བསྔལ་འདི་དག་བྱུང་བ་ཞིག་རེད། དོན་དངོས་ཐོག་ལོ་ངོ་སྟོང་ཕྲག་འགའི་རིང་ལ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་འགྲོ་བ་སྤྱིར་དང་ལྷག་པར་དུ་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཞི་བདེ་དང་བྱམས་སྙིང་རྗེ་་བརྩེ་སེམས་ལྡན་པའི་སྤྱི་ཚོགས་གསར་སྐྲུན་དང་རོགས་རམ་ཞབས་ཞུའི་ལས་རིགས་ཕན་ནུས་ལྡན་པའི་བྱ་བ་མང་པོ་བསྒྲུབས་ཡོད།

ལྷག་པར་དུ་དེང་རབས་ཀྱི་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་བརྒྱུད་རིམ་ཁྲོད་དུ། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་བྱམས་སྙིང་རྗེ་བྱང་ཆུབ་གྱི་སེམས་དང་ཤེས་རབ་སོགས་སྒོམ་སྒྲུབ་གྱི་ཆོས་ཉམས་ལེན་བྱས་པ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཐོབ་པ་དང་། འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་དཀའ་ངལ་དང་སྡུག་བསྔལ་མང་པོ་ཞིག་སེལ་ཐུབ་པ་དང་སེམས་ལྷོད་ལ་བབས་ནས་ཞི་བདེ་ངང་དགའ་སྤྲོ་དང་ཡིད་ཚིམ་པར་བྱས་ཏེ་ང་ཚོའི་ལུས་སེམས་གཉིས་ཀ་བདེ་ཐང་ཡོང་བར་ལ་ཕན་ནུས་ལྡན་པ་བྱུང་ཡོད།

དེར་བརྟེན་ང་ཚོས་དགའ་བྱང་རྡོ་ར་་སྤྱན་རས་གཟིགས་ཆོས་ཚོགས། ནང་པའི་བྱམས་སྙིང་རྗེ་དང་ཤེས་རབ་སྒོམ་སྒྲུབ་སློབ་གླིང་འདིས་ཁྱེད་ལ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ལྟ་བ་དང་གྲུབ་མཐའ་སྒོམ་སྒྲུབ་བྱེད་པའི་ལམ་བུའི་ཐོག་ཁྱེད་ལ་བློ་ཡིད་ཚིམ་པའི་ཞབས་འདེགས་ཞུ་རྒྱུ་ཡིན། སླར་ཡང་ཞུ་འདོད་པ་ཞིག་ལ་ནང་ཆོས་སྦྱང་འདོད་དང་སྒོམ་སྒྲུབ་སློབ་སྦྱོང་ནང་ཞུགས་འདོད་པའི་ཆོས་གྲོགས་ཕོ་མོ་རྣམ་པ་ང་ཚོ་དགའ་བྱང་རྡོ་ར་ནང་པའི་བྱམས་སྙིང་རྗེ་དང་ཤེས་རབ་སྒོམ་སྒྲུབ་སློབ་གླིང་སུ་ནང་ཆོས་སློབ་སྦྱོང་དང་སྒོམ་སྒྲུབ་ཉམས་ལེན་བྱེད་པར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། 

 

ཆོས་ཚོགས་ནང་ནང་ཆོས་སྦྱོང་བའི་སློབ་ཚན་འཆར་འགོད་བྱེད་པའི་བརྒྱུད་རིམ།

 

༡༽  ཐོག་མར་ནང་པ་སངས་རྒྱས་པའི་ཆོས་ལུགས་སློབ་སྦྱོང་བྱེད་འདོད་པའམ་ཡང་ན་ནང་ཆོས་ཉམས་ལེན་གྱི་སྒོམ་སྒྲུབ་བྱེད་འདོད་པའི་སློབ་མ་དང་ཆོས་གྲོགས་ཚོ་ལ་ཐོག་མར་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྨང་གཞིའི་ཐོག་ནས་ནང་ཆོས་ངོ་སྤྲོད་དང་ནང་ཆོས་ཇི་ལྟར་ཉམས་སུ་ལེན་དགོས་མིན་ཐོག་ཀུན་སྤྱོད་ཀྱི་དོན་སྙིང་ངོ་སྤྲོད་བྱེད་རྒྱུ་ཡིན།

 

༢༽  ལུས་རྣམ་སྣང་གི་ཆོས་བདུན་གྱི་ཐབས་ལ་བརྟེན་ནས་སྒོམ་རྒྱག་པའམ་ཡང་ན་བསྡད་ནས་སྒོམ་སྒྲུབ་ཉམས་ལེན་སྦྱོང་བརྡར་བྱས་ཏེ་ནང་སེམས་ཀྱི་བསམ་པའི་སྟེང་གི་བདེ་སྐྱིད་དང་ཡིད་ཚིམ་པའི་ཞི་བདེ་དང་སྤྲོ་སྣང་འཚོལ་ཐབས་ཀྱི་སློབ་ཁྲིད་བྱེད་རྒྱུ་ཡིན།

 

༣༽  མཆོག་གསུམ་ལ་དྭངས་གཙང་ལྷག་བསམ་རྣམ་དག་གི་ཡིད་ཆེས་དང་དད་སེམས་ལ་བརྟེན་ནས་ནང་ཆོས་སློབ་སྦྱོང་བྱེད་པ་དང་ནང་ཆོས་ཉམས་སུ་ལེན་ནས་ཆོས་ཚོགས་ནང་ཚོགས་དང་ཞབས་རིམ་སྒྲུབ་པ་སོགས་བརྩེ་སེམས་ལྡན་པའི་འགྲོ་བ་ཐམས་ཅད་ཀྱི་དཀའ་ངལ་དང་སྡུག་བསྔལ་ལས་སྒྲོལ་ཐབས་དང་ཁྱེད་ཀྱི་བྱ་བ་ཐམས་ཅད་བདེ་བླག་ཏུ་བསྒྲུབ་ཐུབ་པའི་སྨོན་ལམ་འདེབས་ཀྱི་ཡོད།


དགའ་བྱང་རྡོ་ར་སྤྱན་རས་གཟིགས་ཆོས་ཚོགས་ནང་པའི་བྱམས་སྙིང་རྗེ་དང་ཤེས་རབ་སྒོམ་སྒྲུབ་སློབ་གླིང་། ཆོས་ཚོགས་ཀྱི་གཙོ་སྐྱོང་བ་དགེ་རྒན་མཆོག་སྤྲུལ་རྒྱ་མཚོ་མཁས་མཆོག་རིན་པོ་ཆེ་མཆོག་དང་ཕྱག་མཛོད་དགེ་བཤེས་ལྷ་རམས་པ་ཚུལ་ཁྲིམས་རིན་ཆེན་གཉིས་ནས་རང་གཞན་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་ཡང་དག་པ་ཞིག་བསྐྲུན་ཐུབ་པའི་རེ་སྨོན་དང་བཅས་ཏེ་ཕུལ།། དགེའོ། །  །།

bottom of page