top of page

༄༅།། སྤྲུལ་སྐུ་རྒྱ་མཚོ་མཁས་མཆོག་རིན་པོ་ཆེ།

嘉措克确仁波切

CYATSO KHECHOK RINPOCHE

༄༅།། སྤྲུལ་སྐུ་རྒྱ་མཚོ་མཁས་མཆོག་རིན་པོ་ཆེ་མཆོག་གི་ངོ་སྤྲོད་ལོ་རྒྱུས།

 

 རྒྱ་མཚོ་མཁས་མཆོད་རིན་པོ་ཆེ་ནི་བོད་ཆོས་ལྡན་ཞིང་གི་མདོ་ཁམས་ལི་ཐང་ཉག་ཆུ་རྒྱ་ཤོད་གྲོང་གི་ཞིང་པའི་ཁྱིམ་ཚང་འདི་ལེན་ཚང་ཞེས་པར། ཡབ་བསོད་ནམས་མགོ་པོ་དང་། ཡུམ་ཨ་ཆེན་ལྷ་མོ་གཉིས་ཀྱི་རིགས་སྲས་སུ་སྐུ་འཁྲུངས། སྤུན་མཆེད་ལྔ་དང་སྲིང་མོ་གསུམ་བཅས་མིང་སྲིང་བརྒྱད་ཡོད་པའི་ཆུང་ཤོས་དེ་ཡིན། ཡུལ་དེའི་གྲོང་མི་བགྲེས་སོང་རྣམས་ཀྱིས་བརྗོད་ན། སྤྲུལ་སྐུ་ཁོང་ཆུང་དུས་སུ་བྱིས་པ་གཞན་དང་མི་འདྲ་བར་ལུས་ངག་གི་སྤྱོད་ཚུལ་དང་བསམ་བློའི་འཁྱེར་སོ་སོགས་གང་ལའང་ཡ་མཚན་པ་ཞིག་སྟེ། ཁམས་མགོ་ལོག་དགོན་ཡུལ་སེར་སྐྱ་མི་དམངས་ཐམས་ཅད་ལ་བྱིས་པ་དེ་བླ་མ་སྐྱེས་བུ་དམ་པ་ཞིག་གི་ཡང་སྤྲུལ་ལམ་གང་ཟག་ཁྱེད་པར་ཅན་ཞིག་གི་ཡང་སྤྲུལ་ཡིན་པའི་རྟགས་དང་མཚན་མ་ཡིད་ཆེས་འཕེར་བ་གཅིག་གྱུར་བྱུང་འདུག།

  དགུང་ལོ་བཅུ་ནས་ཉག་ཆུ་རྫོང་གཞི་རིམ་སློབ་གྲྭར་སློབ་སྦྱོང་འགོ་བཙུགས་ཏེ། སློབ་གྲྭ་དེའི་འཛིན་རིམ་བདུན་པར་སླེབས་མཚམས་བར་ཆད་ཀྱི་མཚན་མ་ལྟ་བུར་སྣང་བས་སྙུང་གཞི་ལྕི་མོ་ཞིག་ལ་བརྟེན་ནས། ཡུལ་དེའི་ལྷ་དང་བླ་མ་རྣམས་ལ་མོ་ལུང་བརྟག་སོགས་ཞུས་པས། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་མགྱོགས་མྱུར་རབ་ཏུ་བྱུང་དགོས་པ་དང་། དེ་ལྟར་མ་བྱུང་ན་སྐུ་སྲོག་ལ་བར་ཆད་ཡོང་ཉེན་ཆེ་ཚུལ་སོགས་ཡང་ཡང་གསུངས། དེ་རྗེས་ཅུང་ཟད་བདེ་མཚམས་སུ་བྱིས་པ་ཁོང་གི་སྔར་ལས་ལྷག་པ་ཆེས་ཡ་མཚན་ཅན་གྱི་ལུས་ངག་གི་སྤྱོད་ཚུལ་སོགས་ཡུལ་མི་རྣམས་ཀྱི་མཐོང་ལམ་དུ་གྱུར་པ་མ་ཟད། ཡུལ་མི་ཚོས་གནད་དོན་གལ་ཆེའི་ལེགས་ཉེས་བླང་དོར་སྐོར་ཁོང་ལ་སྐད་ཆ་འདྲི་བ་དང་ཡིད་ཆེས་བྱེད་བཞིན་ཡོད། 

ཡུལ་དེའི་ལྷ་དང་བླ་མ་རྣམས་ལ་མོ་ལུང་བརྟག་སོགས་ཞུས་པས་གསུངས་དོན། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གཞོན་ནུ་དེ་རྒྱ་གར་འཕགས་པའི་ཡུལ་གྱི་གདན་ས་ཁག་ཏུ་རབ་ཏུ་བྱུང་ནས་སློབ་གཉེར་ལ་གཏོང་ཐུབ་པ་དང་དགེ་སྦྱོང་ཞིག་བྱེད་ཐུབ་ན། མ་འོངས་པར་ཡུལ་སྡེ་སྤྱི་ལ་ཕན་ཐོགས་ཆེན་པོ་ཡོང་བ་སོགས་ཧ་ཅང་རླབས་ཆེ་བའི་བླང་དོར་བཀའ་སློབ་ལམ་སྟོན་ཟབ་མོ་དང་མོ་ལུང་བརྟག་སོགས་ཡང་ཡང་ཕེགས་པར་བརྟེན། རྒྱ་གར་དུ་བསྐྱོད་རྒྱུའི་གྲ་སྒྲིག་མགོ་བརྩམས་།

རྒྱ་གར་དུ་ཕེབས་ལ་ཉེ་བའི་མཚམས་སུ་ཡུལ་མིའི་གོམས་གཤིས་བཟང་པོའམ་ལམ་སྲོལ་ལྟར། བྱ་བ་ཆེན་པོ་ཞིག་སྒྲུབ་དགོས་ཚེ་དེའི་ལམ་འགྲོ་ཡག་པོ་ཡོང་བ་དང་དགེགས་དབང་བར་ཆད་ཞི་བའི་ཆེད་དུ་རང་ཡུལ་གྱི་རྩ་ཆེའི་མ་དགོན་གྲུབ་ཆེན་ས་ར་འབུམ་གྱིས་ཕྱག་བཏབ་པ་ཁམས་མགོ་ལོག་དགོན་གསར་གྱི་གཙུག་ལག་ཁང་དུ་རྟེན་མཇལ་དང་གསོལ་འདེབས་སྨོན་ལམ་ཞུས་པ་མ་ཟད། དགོན་པའི་བསྟན་སྲུང་ཆེན་པོ་དམ་ཅན་མགར་བ་ནག་པོའི་གསོལ་ཁ་དང་ཞབས་རིམ་འཕྲིན་བཅོལ་སོགས་ཞུས།

དེའི་ཆེད་དུ་ཡབ་བསོད་ནམས་མགོན་པོ་དང་ལྷན་དུ་མགོ་ལོག་དགོན་གསར་དུ་ཆོས་མཇལ་བཅར་སྐབས། ཉིན་དེའི་ཞོགས་པ་སྔ་མོར་དགོན་པར་མ་འབྱོར་བའི་སྔོན་ཙམ་དུ། དགོན་པའི་མདུན་རིའི་སྟེང་ནས་ཤིན་ཏུ་ངོ་མཚར་ཆེ་བའི་འཇའ་ཚོན་གྱི་གུར་ཁང་བཀྲ་བ། དེའི་འོད་ཟེར་དགོན་པའི་ཆོས་རའི་ནང་དུ་འཕྲོ་བ་སོགས་རྟགས་མཚན་མང་པོ་བྱུང་བ་སྐབས་དེར་དགོན་པའི་དགེ་འདུན་པ་མང་པོས་དངོས་སུ་གཟིགས་པ་མ་ཟད། དགེ་འདུན་པ་བགྲེས་སོང་སྐོར་ཞིག་ནས་དེའི་སྐོར་གསུང་མོལ་མཛད་བཞིན་པ་དང་དུས་མཚུངས་སུ། སྤྲུལ་སྐུ་རིན་པོ་ཆེ་ཁོང་དང་ཡབ་བསོད་ནམས་མགོན་པོ་གཉིས་ཏག་ཏག་དགོན་པ་དེར་འབྱོར་ཞིང་། དེ་སྔ་གཞོན་ནུ་དེ་དང་འབྲེལ་བའི་རྟགས་མཚན་མང་པོ་ཡུལ་སྡེ་མང་ཚོགས་ནང་གླེང་སློང་ཆེན་པོ་ཡོད་བཞིན་སོགས་ལེགས་རྐྱེན་སྣ་ཚོགས་ཤིག་ལ་བརྟེན་ནས། དགོན་པའི་གནད་ཡོད་མི་སྣ་མང་པོས་འཕྲལ་དུ་སྣེ་ལེན་ཟབ་རྒྱས་གནང་པའི་ཐོག་ ཉིན་དེའི་ཞོགས་པ་སྔ་པོ་རྟགས་མཚན་བཟང་པོ་ཇི་བྱུང་སོགས་ཀྱི་སྐོར། དགོན་པའི་དགེ་འདུན་པ་བགྲེས་སོང་སྐོར་ཞིག་དང་ལས་སྣེ་ཁག་གཅིག་ནས་ཕ་བུ་གཉིས་ཀར་ཞིབ་ཅིང་ཕྲ་བའི་འགྲེལ་བཤད་མཛད་འདུག།

སྤྲུལ་སྐུ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༩༦ ལོར་ཆོས་གྲོགས་འགའ་ཞིག་དང་ལྷན་བོད་མི་སྤྱི་མཚུངས་ལྟར་རི་ཆུ་སྟོང་ཚོ་མང་པོ་བརྒལ་ནས་ཞབས་ཐང་མཛད། བལ་ཡུལ་བརྒྱུད་རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་གནས་མཆོག་རྡ་རམ་ས་ལར། འཇིག་རྟེན་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་གཤེས་ཆེན་པོ་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསེར་ཞལ་ཉི་མའི་དཀྱིལ་འཁོར་མཇལ་བའི་བསྐལ་བཟང་གི་ཉིན་མོ་བཟང་པོ་ཉམས་སུ་མྱོང་།

དེ་རྗེས་རྒྱ་གར་ལྷོ་ཕྱོགས་ཀྱི་པཎ་གྲུབ་དུ་མའི་འབྱུང་གནས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་རྡོ་ར་ཁམས་ཚན་དུ་སྒྲིག་ཞུགས་མཛད། ལོ་དེར་འཇམ་མགོན་རྒྱལ་བའི་གདུང་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་དཔལ་བཟང་པོ་མཆོག་གི་ཞལ་སྔར་ནས་དགེ་ཚུལ་གྱི་སྡོམ་པ་ཡང་དག་པ་བཞེས་ཏེ་མཚན་ལ་བློ་བཟང་ཚེ་བརྟན་གསོལ།  

དེ་ནས་སྔོན་བསགས་བསོད་ནམས་ཀྱི་ལས་འབྲས་བཟང་པོས་དབང་གིས་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་དང་།  ༸ འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་ཁྲི་ཆེན་རྡོ་རྗེ་འཆང་དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་དཔལ་བཟང་པོ་མཆོག།  ༸རྗེ་བཙུན་བླ་མ་དམ་པ་གྲུབ་པའི་དབང་ཕྱུག་ཆེན་པོ་གོ་བོ་རྒན་ཉི་མ་རྒྱལ་མཚན་དཔལ་བཟང་པོ་བཅས་ནས། ཁོང་ལ་ཨ་འདུ་དགེ་བཤེས་རྒྱ་མཚོ་མཁས་མཆོག་གི་ཡང་སྲིད་དུ་ངོས་འཛིན་དང་ཕྱག་རྟགས་རིམ་པར་ཕེབས་པ་བརྟེན།  ཁམས་མགོ་ལོག་དགོན་ཡུལ་སེར་སྐྱ་ཡོངས་ཀྱི་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་དེ་ལོར་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྤྲུལ་སྐུའི་ཁྲི་གསོལ་མཛད་སྒོ་ཟབ་རྒྱས་ཀྱིས་དགེ་འདུན་དམངས་ལ་བསྙེན་བཀུར་གིས་མཚོན་དངོས་གཤམ་ཡིད་སྤྲུལ་གྱི་མཆོད་འབུལ་རྒྱ་ཆེར་ཞུས། 

བསྐལ་བཟང་གི་ཉིན་དེའི་དགོང་མོ་སྤྲུལ་སྐུ་རིན་པོ་ཆེ་ཁོང་གི་གཟིམ་ལམ་དུ་ཡལ་ག་ལོ་འདབ་རྒྱས་པ་ཧ་ཅང་བརྗིད་ཉམས་ལྡན་པའི་ཤིང་སྡོང་ཆེན་པོ་ཞིག་གི་འོག་ཏུ་བཞུགས་ཡོད་པའི་སྣང་བ་བྱུང་ཞིང་། གཟིམ་གྲོལ་མཚམས་གཟིམ་ལམ་གྱི་ཤིང་སྡོང་ཆེན་པོ་དེ་སྔོན་མ་མང་པོ་ཞིག་མཐོང་མྱོང་བ་འདུག་སྙམ་པའི་མྱོང་ཚོར་ཆེན་པོ་བྱུང་། དེའི་རྗེས་སུ་ཕ་ཡུལ་ཕྱོགས་ནས་ཁམས་མགོ་ལོག་དགོན་པའི་འདྲ་པར་རྙིང་པ་ཞིག་འབྱོར། པར་རྙིང་དེའི་ནང་ཁམས་མགོ་ལོག་དགོན་པའི་སྲུང་མ་དམ་ཅན་མགར་བ་ནག་པོའི་བླ་ཤིང་ཞེས་ཡོངས་སུ་གྲགས་པའི་ཤིང་སྡོང་ཆེན་པོ་དེ་དངོས་སུ་གཟིགས་པ་ན། དེ་སྔོན་རིན་པོ་ཆེ་ཁོང་གི་གཟིམ་ལམ་དུ་བབས་པ་ཆེས་བརྗིད་ཉམས་ལྡན་པའི་ཤིང་སྡོང་ཆེན་པོ་དེ་དང་གཅིག་མཚུངས་རེད་འདུག་པས། གཟིམ་ལམ་གྱི་ཤིང་སྡོང་ཆེན་པོ་དེ་སྲུང་མ་དམ་ཅན་གྱི་བླ་ཤིང་དེ་རེད་འདུག་སྙམ་པ་ཡ་མཚན་ཅན་གྱི་མྱོང་ཚོར་ར་འཕྲོད་པོ་ཞིག་བྱུང་ཡོད།  སྔོན་བསགས་བསོད་ནམས་ཀྱི་ལས་འབྲས་བཟང་པོས་དབང་གིས་སྔ་ཕྱི་བར་གསུམ་དུ་ཁམས་མགོ་ལོག་དགོན་གསར་དང་དགོན་དེའི་སྲུང་མ་དམ་ཅན་མགར་བ་ནག་པོ་ལ་ལས་འབྲས་བཟང་པོ་ཡོད་པ་ཡ་མཚན་ཅན་གྱི་རྟགས་མཚན་བཟང་པོ་མང་པོ་བྱུང་མྱོང་ཡོད། 

ཕྱི་ལོ་༢༠༠༤ སྤྱི་ཟླ་༡༢ པའི་ནང་། སྤྲུལ་སྐུ་རྒྱ་མཚོ་མཁས་མཆོག་རིན་པོ་ཆེ་མཆོག་ནས། རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ། འཕགས་མཆོག་ཕྱག་ན་པདྨོ་སྡོམ་བཙུན་ངུར་སྨིག་གར་གྱི་རྣམ་པར་རོལ་པ་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་མཁན་པོ་མཛད་པ་དེ།  རྣམ་གྲྭ་མཁན་པོ་བྱ་དོར་རིན་པོ་ཆེ་བསྟན་འཛིན་འབྱུང་གནས་མཆོག་གིས་ལས་ཀྱི་སློབ་དཔོན། དགའ་བྱང་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་འཕེལ་དཔལ་བཟང་པོ་མཆོག་གིས་གསང་སྟེ་སྟོན་པ། རྒྱུད་སྨད་མཁན་ཟུར་བློ་བཟང་ངག་དབང་དཔལ་བཟང་པོ་མཆོག་གིས་དུས་གོ་བ། དགེ་འདུན་གྲངས་ཚང་ཁ་སྐོང་དང་བཅས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་སུ་བསྙེན་པར་རྫོགས་པའི་སྡོམ་པའམ་དགེ་སློང་གི་སྡོམ་པ་ཡང་དག་པར་བཞེས།

དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་དགེ་བའི་བཤེས་གཉེན་ཆེན་པོ་ཚ་བ་རྒན་ཐུབ་བསྟན་སྨོན་ལམ་དཔལ་བཟང་མཆོག་དང་། དགེ་བའི་བཤེས་གཉེན་ཆེན་པོ་རྡོ་ར་རྒན་བསྟན་འཛིན་ཤེས་རབ། དགེ་བའི་བཤེས་གཉེན་ཆེན་པོ་གོ་བོ་རྒན་ཟླ་བ་བཟང་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་དུ་མའི་དྲུང་ནས་རིགས་ལམ་སྒོ་བརྒྱ་འབྱེད་པའི་བློ་རྟགས་བསྡུས་གསུམ་དང་། ཚད་མ་རྣམ་འགྲེལ།  ཕར་ཕྱིན། དབུ་མ།  མངོན་པ་མཛོད། དམ་ཆོས་འདུལ་བ་སོགས་ལ་ཉིན་མཚན་ལྟོས་མེད་ཀྱིས་འབད་བརྩོན་ལྷུར་ལེན་གྱིས་གཞུང་ཆེན་སློབ་སྦྱོང་དང་། ལོ་ལྟར་དགའ་བྱང་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་རྒྱུགས་སྤྲོད་གནས་རིམ་དང་པོའི་མཚན་གནས་བཞེས། 

འཇམ་མགོན་བླ་མ་ཙོང་ཁ་པའི་གདན་ས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་དང་། དགའ་བྱང་ཐོས་བསམ་ནོར་གླིང་གྲྭ་ཚང་བཅས་སུ་ཕར་ཕྱིན་དང་དབུ་མ་ཚོགས་ལངས་རིམ་པ་གནང་ནས་མི་ལོ་བཅོ་བརྒྱད་ཙམ་གི་རིང་སློབ་གཉེར་དང་བསླབ་པ་མཐར་སོན་པའི་མཛད་པ་བསྐྱངས།

བཀའ་དྲིན་གསུམ་ལྡན་གྱི་བླ་མ་དགའ་བྱང་རྡོ་ར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་འཕེལ་དཔལ་བཟང་པོ་མཆོག་གི་བཀའ་དགོངས་ལྟར། དགའ་བྱངརྡོ་ར་ནང་བསྟན་སློབ་གྲྭའི་མཚན་ཉིད་སློབ་གཉེར་བའི་དགེ་འདུན་པ་ཉིས་བརྒྱ་སུམ་བཅུ་ལྷག་ལ་ལོ་གཉིས་རིང་སློབ་གཉེར་དགེ་རྒན་མཛད།

མཆོག་སྤྲུལ་རྒྱ་མཚོ་མཁས་མཆོག་རིན་པོ་ཆེ་མཆོག་གི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དགའ་བྱང་རྡོ་ར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་འཕེལ་དཔལ་བཟང་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར། ཕྱི་ལོ་༢༠༡༩ ལོར་ཁེ་ན་ཌ་ལ་ཕེབས། མཁན་ཟུར་རིན་པོ་ཆེ་ཁོང་དགུང་ན་མཐོ་པོར་ཕེབས་བཞིན་པ་དང་འབྲེལ་ཡོད་རྡོ་ར་ཁང་ཚན་གྱི་ཐོག་ནས་རེ་སྐུལ་ཞུས་པ་བཞིན། ད་ལྟ་ཁེ་ན་ཌའི་དགའ་བྱང་རྡོ་ར་སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་འཕེལ་དཔལ་བཟང་པོ་མཆོག་གི་དགའ་བྱང་རྡོ་ར་སྤྱན་རས་གཟིགས་ཆོས་ཚོགས་ནང་རང་ནུས་གང་ཡོད་ཀྱི་རྒྱའི་སྐད་རིགས་ནས་ནང་ཆོས་ངོ་སྤྲོད་དང་ཆོས་ཕྱོགས་ཀྱི་ཕྱག་ལས་གནང་དང་གནང་བཞིན་པ་བཅས།

 

སྤྲུལ་སྐུ་རྒྱ་མཚོ་མཁས་མཆོག་རིན་པོ་ཆེ་མཆོག་གི་ལོ་རྒྱུས་ངོ་སྤྲོད་དུ་ཕུལ།། །།

bottom of page